༄༅། །དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་དང་། དཔལ་རྒྱལ་བ་ཀརྨ་པ་མཐའ་ཡས་རྡོ་རྗེ་ལྷན་རྒྱས་ནས། སྤྱི་ལོ་༢༠༢༣ ལོའི་སྤྱི་ཟླ་ ༡༢ ཚེས་ ༤ ཉིན་བསྩལ་བའི་”༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་དང་འབྲེལ་བའི་ཐུན་མོང་གསལ་བསྒྲགས་”ཞེས་པ་དོན་ཚན་གསུམ་ཅན་ཁྱབ་སྒྲགས་གནང་བ་དེ་ནི། དཔལ་ཀརྨ་པའི་བསྟན་པར་ཉི་མ་གསར་པ་ཞིག་འཆར་བ་མ་ཟད། འཛམ་གླིང་ཡོངས་ལ་གནས་པའི་ཀརྨ་པའི་ཆོས་བརྒྱུད་འཛིན་མཁན་ཙམ་དུ་མ་ཚད་བཀའ་བརྒྱུད་ཡོངས་ཀྱི་བཀྲིས་པའི་གཏམ་བཟང་ཞིག་ཀྱང་ཡིན། ཞྭ་དམར་སྐུ་ཐོག་རིམ་བྱོན་དང་། དེ་ལས་བྱུང་བའི་ཆོས་བརྒྱུད་རིན་པོ་ཆེའི་བརྒྱུད་པ་ནི་བཀའ་བརྒྱུད་སྤྱི་དང་། བྱེ་བྲག་ཀརྨ་བཀའ་བརྒྱུད་ཀྱི་གསེར་ཕྲེང་ནང་དུ་བཞུགས་ཡོད་པ་དང་། འབྲལ་ཐབས་མེད་པའི་ཆོས་ཀྱི་བརྒྱུད་པ་ནི་ཆོས་འབྱུང་ལོ་རྒྱུས་དག་གི་དཔང་པོ་བྱས་ཡོད། བོད་ཀྱི་སྲིད་དོན་ལོ་རྒྱུས་ཀྱིས་རྐྱེན་པས་ཞྭ་དམར་སྐུ་ཕྲེང་བཅུ་པ་ཆོས་གྲུབ་རྒྱ་མཚོ་སྐུ་གཤེགས་ནས་ཟུང་ལོ་ངོ་བརྒྱ་དང་བདུན་བཅུ་ཙམ་གྱི་རིང་ལ་གང་གི་ཡང་སྲིད་ངོས་འཛིན་དང་ཁྲི་གསོལ་ཞུ་ཆོག་པ་བྱུང་བ་དེ་ལྟར་ཡང་། ༧རྒྱལ་མཆོག་ཀརྨ་པ་བཅུ་དྲུག་པ་ཆེན་པོ་རྒྱ་གར་དུ་ཕེབས་ནས་༧གོང་ས་སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་པ་བཅུ་བཞི་པ་ཆེན་པོར་སྙན་སེང་དང་འབྲེལ་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཞུ་འཐུས་ཆོག་པའི་བཀའ་བཟང་ཐོབ་པར། ༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་མི་ཕམ་ཆོས་ཀྱི་བློ་གྲོས་མཆོག་ངོས་འཛིན་བཀའ་དྲིན་ཆེ་བར་བསྐྱངས་པར་མཛད། དེ་ལྟར་ཡང་སྙིགས་མའི་སེམས་ཅན་བསོད་ནམས་ཀྱིས་དམན་པས་སྐུ་ཚེ་རིང་པོ་མ་བཞུགས་ཀྱང་། བྱང་ཆུབ་སེམས་ཀྱི་རྒྱུན་ནི་ཆད་ཐབས་མེད་པར་བརྟེན། ད་ཆ་སྐུའི་ཡང་སྲིད་ཕེབས་རྒྱུར་དཔལ་ཀརྨ་པ་ལྷན་རྒྱས་བཟུང་ནས་ཐུགས་འཁུར་བཞེས་རྒྱུའི་བཀའ་རྒྱ་བསྩལ་བ་ནི་དུས་སུ་བབས་པ་ཞིག་ཡིན། བཀའ་རྒྱའི་ནང་གསལ་”ཕྱིན་ཆད་བརྒྱུད་པ་རིན་པོ་ཆེ་འདི་ཉིད་དུམ་བུ་གཉིས་སུ་མི་འཐོར་བ་དང་། ༧རྒྱལ་བ་ཡབ་སྲས་གཙོ་བོར་གྱུར་པའི་བླ་སྤྲུལ་གྱི་ཡང་སྲིད་མི་མཐུན་པའི་རྩོད་པ་ནམ་ཡང་མི་འབྱུང་བའི་སྒོ་ནས་སྒྲུབ་བརྒྱུད་ཀཾ་ཚང་བ་ཐམས་ཅད་དམ་ཚིག་འོ་ཆུ་གཅིག་ཏུ་འདྲེས་ཤིང་། མཐུན་ལམ་དཀར་འཇམ་ཡུག་གཅིག་ཏུ་འགྱུར་བ་ཞིག་ཤིན་ཏུ་གལ་ཆེ་བར་མངོན་”ཞེས་བྱུང་བ་བཞིན་ཆོས་བྱེད་པ་ཡིན་ཕྱིན་དེ་ནི་ངེས་པར་དུ་སྒྲུབ་ཐུབ་པ་ཞིག་ཡིན་ལ། དེ་དེ་བཞིན་གྲུབ་པའི་སྨོན་འདུན་གྱི་མཚམས་སྦྱར་ཏེ། ༧རྒྱལ་བ་འབྲི་གུང་པའི་མཚན་གྱིས་བྱི་གྱི་བརླབས་པ་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷིན་གྲུབ་ཀྱིས། སྤྱི་ལོ ༢༠༢༣ ཟླ་༡༢ ཚེས་